རྟེན་འབྲེལ་ཆུ་མོ་དགུ་འཁྱིལ།
གཞས་ཚིག ཨ་མདོ་པ་ཀརྨ་དགེ་འཕེལ།
དབྱངས། ནོར་བུ་མགོན།
གཞས་པ། མགར་བསམ་འགྲུབ་ཚེ་རིང་།
ཆུ་དྭངས་མོ་བདུད་རྩི་རང་འབབ་མ།།
ཀླུ་ཀུན་ཏུ་དགའ་བའི་བསོད་ནམས་ཡོད།།
ངའི་སེམས་ཀྱི་ཕ་མ་ཚེ་རིང་བོ།།
ཁྱོད་ཚེ་ཐག་ཆུ་མོ་དགུ་འགྲོས་ཡིན།།
སྐྱིད་གནམ་ལོ་གསར་བ་ཁྱོད་ལ་བསུ།།
ནོར་ལོངས་སྤྱོད་འཛོམས་པའི་རྟེན་འབྲེལ་ཞུ།།
རི་མཐོན་པོ་འཕྱོང་གི་མཎ་ཌ་ལ།།
འབྲོང་བྲེ་སེར་འཁོར་གི་གཟས་ལམ་ཡོད།།
ངའི་སེམས་ཀྱི་མིང་སྲིང་ལོ་བརྒྱ་བོ།།
ཁྱོད་དབང་ཐང་རྨ་ཆེན་གངས་རི་ཡིན།།
སྐྱིད་གནམ་ལོ་གསར་བ་ཁྱོད་ལ་བསུ།།
ལས་རླུང་རྟ་དར་བའི་བཀྲ་རེ་ཤིས།།
རྟ་འདོ་བ་རླུང་གི་གཤོག་ཡ་ཅན།།
ས་བྱང་ལམ་གཅོད་ཀི་བང་རྩལ་ཡོད།།
ངའི་ཡིད་ཀྱི་སྙིང་གྲོགས་འདང་ཆེན་བོ།།
ཁྱོད་གཞིས་ཀ་འདོད་རྒུ་གཡང་འཁྱིལ་ཡིན།།
སྐྱིད་གནམ་ལོ་གསར་བ་ཁྱོད་ལ་བསུ།།
འདང་བརྩེ་བ་བརྟན་པའི་སྨོན་ལམ་འདེབས།།
ཞིང་འབྲུ་དྲུག་གསེར་གྱི་སྙེ་འབྲས་ཡག །
ཡུལ་གངས་ཅན་རྒྱས་པའི་བྱིན་རླབས་ཡོད།།
ངའི་སེམས་ཀྱི་ཆོལ་གསུམ་བོད་པ་ཚོ།།
ཁྱོད་ཅི་བསམ་བཀྲ་ཤིས་ཕྱེ་མར་ཡིན།།
སྐྱིད་གནམ་ལོ་གསར་བ་ཁྱོད་ལ་བསུ།།
ཡུལ་གཞི་བྱེས་གཉིས་ཀྱི་དོན་རེ་འགྲུབ།